སྐད་ཡིག་སློབ་གཞི།

བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གཉེར་བྱེད་མཁན་རྣམས་ཀྱི་ཆེད་དུ་བོད་ཀྱི་དཔེ་མཛོད་ཁང་ནས་ཉིན་ལྟར་འཛིན་གྲྭ་འདྲ་མིན་གོ་སྒྲིག་ཞུ་བཞིན་ཡོད། ལོ་རེར་ཟླ་བ་གསུམ་ཅན་གྱི་སློབ་དུས་གསུམ་འཚོགས་ཀྱི་ཡོད་པ་ནི། ཕྱི་ཟླ་ ༣ ཚེས་ ༤ ནས་ཕྱི་ཟླ་ ༦ ཚེས་ ༣ བར་དང། ཕྱི་ཟླ་ ༦ ཚེས་ ༡༥ ནས་ཕྱི་ཟླ་ ༩ ཚེས་ ༡༡ བར། ཕྱི་ཟླ་ ༩ ཚེས་ ༢༡ ནས་ཕྱི་ཟླ་ ༡༢ ཚེས་ ༡༩ བར་ཡིན། རྨང་གཞིའི་སྐད་ཡིག་འཛིན་གྲྭ་དང། འབྲིང་རིམ་སྐད་ཡིག་འཛིན་གྲྭ། མཐོ་རིམ་སྐད་ཡིག་འཛིན་གྲྭ་བཅས་སྐད་ཡིག་འཛིན་རིམ་གསུམ་དང། བོད་སྐད་བཀའ་མོལ་གནང་སྟངས་ཀྱི་་རྨང་གཞི་དང་འབྲིང་རིམ་འཛིན་གྲྭ་གཉིས་ཡོད། ཚོགས་ཐེངས་རེར་དུས་ཡུན་ཆུ་ཚོད་གཅིག་དང། བདུན་ཕྲག་རེར་ཚོགས་ཐེངས་ལྔ་འཚོགས་ཀྱི་ཡོད།

སྐད་ཡིག་འཛིན་གྲྭ་ཁག

༡ རྨང་གཞིའི་སྐད་ཡིག་འཛིན་གྲྭ།

དབྱངས་གསལ་ནས་འགོ་བཙུགས་ཏེ་མིང་ཚིག་དང། ཚིག་གྲོགས། ཚིག་སྒྲུབ། བྱ་ཚིག་སོགས་རྨང་གཞིའི་སྦྱོར་ཚུལ་རྣམས་སློབ་ཁྲིད་བྱེད་ཀྱི་ཡོད། དེ་ནི་བོད་ཡིག་ཀློག་འདོན་དང། བཀའ་མོལ་སྟབས་བདེའི་རིགས་གནང་ཐུབ་པར་དམིགས་ཡོད།

དུས་ཚོད། : ཆུ་ཚོད་ ༩།༠༠ ནས་ ༡༠།༠༠ བར།
དགེ་རྒན། : བཙུན་མ་ནོར་འཛོམས།
དགེ་ཚབ། : མཆོག་བསྟན་འཛིན་སྨོན་ལམ།
ཀློག་དེབ།:  

ལྷ་སའི་རྒྱུན་སྐད་སློབ་དེབ་གཟི་ཡི་དོ་ཤལ།
དེང་དུས་བོད་སྐད་ཤོད་སྟངས།

༢ འབྲིང་རིམ་སྐད་ཡིག་འཛིན་གྲྭ།

སློབ་གཞི་འདིའི་ནང་བོད་ཀྱི་བརྡ་སྤྲོད་དང། རྒྱུན་བཀོལ་ཁ་དཔེ་སོགས་སློབ་ཁྲིད་བྱེད་ཀྱི་ཡོད། དེའི་དམིགས་ཡུལ་ནི་སློབ་ཕྲུག་ཚོས་བོད་སྐད་དང་བོད་ཡིག་ཐོག་སྔར་ལས་ལྷག་པའི་དེང་ཚོད་ལྡན་པ་བཟོ་རྒྱུ།

དུས་ཚོད། : ཆུ་ཚོད་ ༩།༠༠ ནས་ ༡༠།༠༠ བར།
དགེ་རྒན། : ཉི་མ་བདེ་སྐྱིད།
དགེ་ཚབ། : ཕུར་བུ་སྒྲོལ་མ་དང་ཟླ་སྒྲོན།
ཀློག་དེབ།:


དེང་དུས་བོད་ཀྱི་སྐད་ཡིག
ལྷ་སའི་རྒྱུན་སྐད་སློབ་དེབ་གཟི་ཡི་དོ་ཤལ།
ལེགས་བཤད་ལྗོན་དབང།

༣ མཐོ་རིམ་སྐད་ཡིག་འཛིན་གྲྭ།

སློབ་གཞི་འདིའི་ནང་བོད་ཀྱི་བརྡ་སྤྲོད་དང། ཞེ་ས་གཙོ་གྱུར་གྱིས་བོད་ཀྱི་རིག་གཞུང་དང་ནང་ཆོས་ཐོག་ངོ་སྤྲོད་དང།  བོད་སྐད་ནང་ནང་ཆོས་ཐོག་བགྲོ་གླེང་གོ་སྡུར་བྱེད་རྒྱུའི་རྨང་གཞི་འདིང་གི་ཡོད།

དུས་ཚོད། : ཆུ་ཚོད་ ༣།༣༠ ནས་ ༤།༣༠ བར།
དགེ་རྒན། : ཉི་མ་བདེ་སྐྱིད།
དགེ་ཚབ། : ཚེ་རིང་ནོར་བུ་དང་ཟླ་སྒྲོན།
ཀློག་དེབ།:

བོད་ཀྱི་སྒྲ་རིག་པའི་གནས་ལ་དཔྱོད་པ་གསལ་བའི་མེ་ལོང།
ཆོས་རིག་སྐོར་ལ་གཏམ་བཤད།༼དགེ་བཤེས་ལྷུན་གྲུབ་བཟོད་པ།༽
སྟོན་པའི་མཛད་རྣམ་གསལ་བའི་མེ་ལོང།
བྱིས་པ་དག་ཡིག

བཀའ་མོལ་གནང་སྟངས་འཛིན་གྲྭ།
༡ རྨང་གཞིའི་བཀའ་མོལ་གནང་སྟངས།

སློབ་གཞི་འདིའི་ནང་སློབ་ཕྲུག་ཚོས་བོད་པ་ནང་བཞིན་བོད་སྐད་བསྐྱོན་ཐུབ་པ་དང། བོད་པའི་རྒྱུན་གཏན་འཚོ་བར་རྒྱུས་ལོན་ཐུབ་པ་བྱེད་རྒྱུ། དེའི་དམིགས་ཡུལ་གཙོ་བོ་ནི་བོད་སྐད་བོད་པ་ནང་བཞིན་བསྐྱོན་ཐུབ་པ་བཟོ་རྒྱུ།

དུས་ཚོད། : ཆུ་ཚོད་ ༡༠།༣༠ ནས་ ༡༡།༣༠ བར།
དགེ་རྒན། : ཉི་མ་བདེ་སྐྱིད།
དགེ་ཚབ།         : མཆོག་བསྟན་འཛིན་སྨོན་ལམ།
Textbook : བོད་སྐད་ཆུ་རྒྱུག་རྒྱུག

༢ བཀའ་མོལ་གནང་སྟངས་རྒྱས་པ།

སློབ་གཞི་འདིའི་ནང་སློབ་ཕྲུག་ཚོས་སྔར་ལས་ལྷག་པའི་བོད་སྐད་བསྐྱོན་ཐུབ་པ་དང། བོད་པའི་རྒྱུན་གཏན་འཚོ་བར་རྒྱུས་ལོན་ཐུབ་པ་བྱེད་རྒྱུ། དེའི་དམིགས་ཡུལ་གཙོ་བོ་ནི་བོད་སྐད་བོད་པ་ནང་བཞིན་བསྐྱོན་ཐུབ་པ་བཟོ་རྒྱུ་བཅས་སོ།།

དུས་ཚོད།            : ཆུ་ཚོད་ ༡༢།༠༠ ནས་ ༡།༠༠ བར།
དགེ་རྒན།            : ཉི་མ་བདེ་སྐྱིད།
དགེ་ཚབ།            : ཕུར་བུ་སྒྲོལ་མ་དང་ཚེ་རིང་ནོར་བུ།
Textbook        : བོད་སྐད་བོད་པ་ནང་བཞིན་བསྐྱོནད་དང།

ཧིན་དིའི་སྐད་ཡིག་འཛིན་གྲྭ

ཕྱི་ལོ་༢༠༡༠ནས་བོད་ཀྱི་དཔེ་མཛོད་ཁང་ནས་ཧིན་དིའི་འཛིན་གྲྭ་ཞིག་གོ་སྒྲིག་ཞུས་ཡོད། འཛིན་གྲྭ་འདི་ཚོགས་པར་ཉུང་ཐར་སློབ་ཕྲུག་ལྔ་དགོས།

དགེ་རྒན། ཨཱཙཱརྱ་ཚེ་དབང་རྒྱལ་པོ།
དགེ་རྒན་ལས་ཚབ། འབུམ་རམས་པ་བྱམས་པ་ཟླ་བ།
སློབ་དེབ། ཤོག་བྱང་མ་གཏོགས་སློབ་དེབ་མེད།
དུས་ཡུན། ཆུ་ཚོད་༡༠་ནས་༡༡བར།

སློབ་ཕྲུག་རྣམས་ནས་གསལ་བྱེད་དང། དབྱངས། ཡི་གེའི་སྦྱོར་བ་ལས་འགོ་འཛུགས་ཏེ་སྐད་ཡིག་གི་རྩ་བའི་སྒྲོམ་གཞི་ཤེས་པ་དང་བརྗོད་པ་ཐུང་ངུ་བཟོ་ཚུལ་དང་དུས་གསུམ་བེད་སྤྱོད་གཏོང་སྟངས་རྣམས་ཤེས་ཀྱི་ཡོད། གནས་རིམ་འདིའི་དམིགས་ཡུལ་གཙོ་བོ་ནི་སློབ་ཕྲུག་རྣམས་ལ་ཀློག་རྩལ་དང་བཀའ་མོལ་ཐུང་ངུའི་སྦྱོང་བརྡར་སྤྲོད་རྒྱུ་དེ་ཡིན།

ཞོགས་པ་སྔ་པོའི་འཛིན་གྲྭ

དུས་ཡུན། སྔ་དྲོ་ཕྱག་ཚོད་༨པ་ནས་༩་པ་བར།
དགེ་རྒན། ཨཱཙཱརྱ་སངས་རྒྱས་བསྟན་དར་ན་ག

འཛིན་གྲྭ་འདི་ནི་དམིགས་བསལ་བོད་ཡིག་ཐོག་གཞི་རིམ་སློབ་སྦྱོང་ཐོན་པའམ་བོད་པའི་སྐད་ཡིག་དང་རིག་གཞུང་ཐོག་རྒྱུས་མངའ་ལྡན་མཁན་རྣམས་ཀྱི་ཆེད་དུ་ཡིན། འཛིན་གྲྭ་འདི་བོད་སྐད་ཐོག་ཡིན་ཞིང། བརྡ་སྤྲོད་དང། རྩོམ་ཡིག། རིག་གཞུང། རྒྱལ་རབས། ཆོས་འབྱུང་སོགས་བརྗོད་གཞི་རྒྱ་ཆེ་ཞིག་སློབ་ཁྲིད་གནང་གི་ཡོད། སློབ་ཕྲུག་མང་ཆེ་བ་མཐོ་སློབ་དང་གཙུག་ལག་སློབ་གྲྭ་ཆེན་མོ་ཐོན་ཟིན་ཡིན་སྟབས་ཚད་མཐོ་བའི་བོད་ཡིག་རྣམས་ངོ་སྤྲོད་གནང་གི་ཡོད།

འཛིན་གྲྭ་འདིའི་ཚོགས་དུས་དང་འབྲེལ་ཡོད་སློབ་ཚན་གྱི་སློབ་དེབ་རྣམས་འཛིན་གྲྭ་མ་ཚོགས་པའི་སྔོན་ཚུད་ནས་གསལ་བསྒྲགས་གནང་གི་རེད།

སྐད་ཡིག་དགེ་རྒན།

ཨཱ་ཙཱརྱ་ན་ག་སངས་རྒྱས་བསྟན་དར་ལགས།
ཁོང་ནི་རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་དང། གཏམ་ཚོགས་དུས་དེབ་ཀྱི་རྩོམ་སྒྲིག་པ་ཡིན། ཕྱི་ལོ་ ༡༩༩༡ ལོར་བོད་ཀྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་འགོ་བཙུགས། ཁོང་གིས་ཞོགས་པ་སྔ་དྲོའི་འཛིན་གྲྭ་དང་བོད་ཀྱི་དཔེ་མཛོད་ཁང་ནང་ཤེས་ཡོན་དང་འབྲེལ་བའི་ཟབ་སྦྱོང་ཁག་ལ་སློབ་ཁྲིད་གནང་གི་ཡོད།
འབུམ་རམས་པ་མཆོག་བསྟན་འཛིན་སྨོན་ལམ་ལགས།
ཁོང་ནི་ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་གྱི་འགན་འཛིན་ཡིན། ཕྱི་ལོ་ ༢༠༠༧ ལོར་བོད་ཀྱི་དཔེ་མཛོད་ཁང་གི་ལས་སྣེར་ཞུགས། ཕྱི་ལོ་ ༢༠༠༡ ནས་བཟུང་ཁོང་གིས་ཕྱི་རྒྱལ་བ་རྣམས་ལ་བོད་ཡིག་སློབ་ཁྲིད་ཇི་ལྟར་བྱ་ཚུལ་ཐོག་ཉམས་ཞིབ་དང། སློབ་ཁྲིད་ཀྱི་ཐབས་ཚུལ་ལག་བསྟར་བྱས་ཏེ་ཕྱི་རྒྱལ་སློབ་ཕྲུག་ལ་བོད་ཡིག་སློབ་ཁྲིད་གནང་གི་ཡོད།
ཉི་མ་བདེ་སྐྱིད་ལགས།
ཉི་མ་བདེ་སྐྱིད་ལགས་ནི་བོད་དབུས་ཁུལ་འཕན་པོར་སྐུ་འཁྲུངས། ས་གནས་པོ་ཏོ་བའི་བཙུན་དགོན་དུ་ལོ་ངོ་བདུན་ལྷག་ནང་ཆོས་སློབ་གཉེར་གནང༌། ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་རྗེས་བཙུན་དགོན་སྒྲོལ་མ་གླིང་དུ་ལོ་ངོ་གསུམ་རིང་མུ་མཐུད་ནང་ཆོས་སློབ་གཉེར་དང། དེ་ནས་ས་རྭ་བོད་ཀྱི་མཐོ་སློབ་ཏུ་ལོ་ངོ་གཉིས་རིང་བོད་ཀྱི་རིག་གནས་སྦྱངས།  ཕྱི་ལོ་ ༢༠༠༩ ལོར་བོད་ཀྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་འགོ་བཙུགས་ཏེ་ཕྱི་རྒྱལ་བ་རྣམས་ལ་བོད་ཡིག་སློབ་ཁྲིད་གནང༌བཞིན་ཡོད།
ཨཱ་ཙཱརྱ་བཙུན་མ་ནོར་འཛོམས་ལགས།
ཨཱ་ཙཱརྱ་བཙུན་མ་ནོར་འཛོམས་ལགས་ནི་ཝཱ་རཱ་ཎ་སཱི་བོད་ཀྱི་མཐོ་སློབ་ནས་བོད་ཀྱི་རིག་གནས་དང་ནང་ཆོས་ཐོག་ཨཱ་ཙྭ་རྱ་ཐོན་ཞིང། ཕྱི་ལོ་ ༡༩༩༩ ལོར་བོད་ཀྱི་དཔེ་མཛོད་ཁང་དུ་ལས་ཞུགས་གནང་སྟེ་ཕྱི་རྒྱལ་མི་རིགས་རྣམས་ལ་སྔོན་འགྲོའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་དང་གནང་མུས་ཡིན།
ཚེ་རིང་ནོར་བུ་ལགས།
ཁོང་ནི་དྷ་ས་རིགས་ལམ་སློབ་གཉེར་ཁང་ནས་སློབ་དཔོན་གྱི་མཚན་གནས་དང་མཉམ་པའི་དབུ་མ་རབ་འབྱམས་པ་དང། བོད་ཀྱི་རིག་གནས་ཐོག་བསླབ་པ་མཐར་སོན། ཕྱི་ལོ་ ༢༠༡༠ ལོར་བོད་ཀྱི་དཔེ་མཛོད་ཁང་གི་ལས་སྣེར་ཞུགས་ཏེ། ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་ནང་ཕྱག་ལས་གནང་བཞིན་ཡོད།
ཕུར་བུ་སྒྲོལ་མ།
ཁོང་ནི་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་རིག་གནས་རབ་འབྱམས་པའི་བསླབ་པ་མཐར་སོན་པ་དང། དིལླཱི་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་བཞེས། ཕྱི་ལོ་ ༢༠༡༢ ཟླ་ ༦ པའི་ནང་བོད་ཀྱི་དཔེ་མཛོད་ཁང་དུ་ལས་ཞུགས་ཀྱིས་རྩོམ་སྒྱུར་དང་ཉམས་ཞིབ་སྡེ་ཚན་ནང་ཕྱག་ལས་གནང་བཞིན་ཡ།
ཟླ་སྒྲོན།
ཁོང་ནི་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་རིག་གནས་རབ་འབྱམས་པའི་སློབ་མཐར་ཕྱིན་པ་དང། དིལླཱི་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ཐོབ། ཕྱི་ལོ་ ༢༠༡༣ ནང་བོད་ཀྱི་དཔེ་མཛོད་ཁང་དུ་ལས་ཞུགས་ཀྱིས་སྤྱི་བཏང་དཔེ་མཛོད་དོ་དམ་པ་གནང།  ༢༠༡༥ ལོ་ནས་རྩོམ་སྒྱུར་དང་ཉམས་ཞིབ་སྡེ་ཚན་ནང་ཕྱག་ལས་གནང་བཞིན་ཡོད།

ཧིན་དིའི་སྐད་ཡིག་

འབུམ་རམས་པ་བྱམས་པ་ཟླ་བ་ལགས།
ཁོང་ནི་ཝཱ་རཱ་ཎ་སཱི་བོད་ཀྱི་མཐོ་སློབ་ནས་བོད་ཀྱི་རིག་གནས་དང་ནང་ཆོས་ཐོག་ཨཱ་ཙཱརྱ་ཐོན་ཞིང། ་་་་་ནས་འབུམ་རམས་པའི་ཕྱག་འཁྱེར་བཞེས། ཕྱི་ལོ་ ༢༠༠༦ ལོར་བོད་ཀྱི་དཔེ་མཛོད་ཁང་གི་ལས་སྣེར་ཞུགས་ཏེ་ཧིནྡིའི་ཚན་པའི་ནང་ཉམས་ཞིབ་དང་རྩོམ་སྒྲིག་པའི་ཕྱག་ལས་གནང་བཞིན་ཡོད།
ཤསྟྲི་འཆི་མེད་ཚེ་རིང།
ཁོང་ནི་ཝཱ་རཱ་ཎ་སཱི་བོད་ཀྱི་མཐོ་སློབ་ནས་བོད་ཀྱི་རིག་གནས་དང་ནང་ཆོས་ཐོག་ཤསྟྲི་ཐོན་ཞིང། མཐོ་སློབ་དེ་ནས་དགེ་འོས་ཐོན་རྗེས་སཾབྷོཊ་གཞི་རིམ་སློབ་གྲྭའི་ནང་ལོ་དྲུག་རིང་དགེ་རྒན་གྱི་ཕྱག་ལས་གནང། ཕྱི་ལོ་  ༢༠༡༥ ལོར་བོད་ཀྱི་དཔེ་མཛོད་ཁང་གི་ལས་སྣེར་ཞུགས་ཏེ་ཧིན་སྐད་ཚན་པའི་ནང་ཕྱག་ལས་གནང་བཞིན་ཡོད།